༄༅། །དཔལ་ཨྱོན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པའི་རྟོགས་བརྗོད་ཡིད་ཀྱི་མཚོ་ལས་སྐྱེས་པའི་ངོ་མཚར་སྒྱུ་མའི་སྐྱེད་མོས་ཚལ་ཞེས་བྱ་བ་བཞུགས་སོ། །
༡༾ ༄༅། །གདོད་ནས་ཡེ་དག་གཞི་དབྱིངས་ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་ཡོངས་སུ་བྲལ། །
སྟོང་གསལ་མ་འགགས་ཡེ་ཤེས་སྒྱུ་འཕྲུལ་ཆགས་མེད་བདེ་ཆེན་རྡོ་རྗེའི་སྐུ། །
མཉམ་ཉིད་མི་གཡོ་སྲིད་ཞིའི་ཁྱབ་བདག་ཀུན་བཟང་ཕྱག་རྒྱ་རྡོ་རྗེ་འཆང་། །
ཆོས་སྐུའི་བླ་མ་པདྨ་འབྱུང་གནས་མ་ལུས་རྒྱལ་བའི་དཔྱིད་དཔལ་ཆེ། །
༢༾ དམར་གསལ་རྟ་བདུན་འབུམ་གྱིས་འཁྱུད་པའི་མཚན་དཔེ་གཟི་བྱིན་འབར་བའི་སྐུ། །
གཡོ་མེད་ཏིང་འཛིན་ཕྱག་རྒྱའི་ལྷུམས་སུ་མཆི་མེད་བདུད་རྩིའི་བུམ་བཟང་འཁྱིལ། །
ལྔ་ལྡན་འོད་ཟེར་ཡེ་ཤེས་དྲྭ་བས་བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ། །
ལོངས་སྐུའི་བླ་མ་པདྨ་འབྱུང་གནས་མ་ལུས་རྒྱལ་བའི་སྲོག་གི་བཅུད། །
༣༾ སྲིད་ཞིའི་དྭངས་བཅུད་བདུད་རྩིའི་ཆུ་གཏེར་མ་ཆགས་པདྨ་རྒྱས་པའི་སྟེང་། །
མཚན་དཔེའི་སྒྱུ་འཕྲུལ་བརྒྱད་གཉིས་ལང་ཚོ་ཞི་འཛུམ་ཡིད་འོང་བལྟ་ན་སྡུག། །
ངོ་མཚར་རྨད་བྱུང་ཡ་མཚན་མཆོག་གྲུབ་ཡེ་ཤེས་མཁའ་འགྲོའི་སྤྲིན་ཕུང་གཏིབས། །
སྤྲུལ་སྐུའི་བླ་མ་པདྨ་འབྱུང་གནས་མ་ལུས་རྒྱལ་བ་འདུས་པའི་སྐུ། །
༤༾ རིག་སྟོང་ཆོས་སྐུ་འོད་སྣང་མཐའ་ཡས་གཡོ་མེད་དགོངས་པའི་ཀློང་ཆེན་མཛོད། །
གྲགས་སྟོང་ལོངས་སྐུ་སྙིང་རྗེའི་སྒྱུ་འཕྲུལ་པདྨ་གར་གྱི་དབང་ཕྱུག་ཆེ། །
སྣང་སྟོང་སྤྲུལ་སྐུས་ཞིང་ཁམས་ཀུན་ཁྱབ་ཐུགས་རྗེ་ཆགས་པའི་བྱིན་རླབས་འབར། །
སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་སྐུ་གསུམ་བདག་ཉིད་སྙིགས་འགྲོའི་མགོན། །
༥༾ སྐུ་ལྔ་ལྷུན་རྫོགས་ཡེ་ལྔ་མངོན་མཛད་གདོན་ནས་དག་མཉམ་རོལ་བའི་རྩལ། །
ཕུང་ལྔ་གནས་དག་དུག་ལྔ་རྩད་གཅོད་སྣ་ཚོགས་རྒྱལ་བའི་ཕྲིན་ལས་རྫོགས། །
ཕྱི་སྣོད་ཞིང་ལྔ་ནང་བཅུད་རིགས་ལྔས་བརྟན་གཡོའི་དངོས་ཀུན་ཕྱག་རྒྱས་བཅིངས། །
ཐོད་ཕྲེང་སྡེ་ལྔ་པདྨ་འབྱུང་གནས་རིགས་ཀུན་འཁོར་ལོའི་བདག་ཉིད་གནས། །
༦༾ རྡུལ་བྲལ་ཆོས་སྐུའི་ཡེ་ཤེས་འོད་ཀྱིས་རྡུལ་སྙེད་ཞིང་ཁམས་ཁྱོན་ཀུན་ཁྱབ། །
མ་ལུས་གདུལ་བྱའི་མོས་ཁམས་ཇི་བཞིན་སྣ་ཚོགས་རྡོ་རྗེའི་གར་སྟབས་ཀྱིས། །
འགྲོ་འདུལ་རིགས་དྲུག་རབས་བདུན་གུ་རུ་འཕྲུལ་མཚན་བཞི་བཅུ་མཚན་ཆེན་བརྒྱད། །
སྟོན་པ་ལྔ་བཅུ་མཚན་མཆོག་བརྒྱ་རྩ་གྲངས་མེད་སྤྲུལ་བའི་རོལ་གར་བསྒྱུར། །
༧༾ མཚན་དཔེའི་དཀྱིལ་འཁོར་ཞི་ཚུལ་དགྱེས་ཆགས་མཐིང་སྔོན་ནམ་མཁའི་མདངས་འོད་འཕྲོ། །
ཟག་མེད་བདེ་སྐྱོང་ཡེ་ཤེས་མཁའ་འགྲོ་འཇོ་སྒེག་འབུམ་གྱིས་སྙོམས་པར་སྦྱོར། །
བདེ་ཆེན་ཡེ་ཤེས་གཟི་བྱིན་མཆོག་རྒྱས་འཁོར་འདས་བརྟན་གཡོ་བྱིན་གྱིས་བརླབས། །
བདེ་སྟོང་རྡོ་རྗེས་ཁམས་གསུམ་ཡོངས་སྒྲོལ་པདྨ་འབྱུང་གནས་གཙུག་གི་རྒྱན། །
༨༾ གཅིག་ཏུ་ཞི་བས་འགྲོ་ལ་རབ་གཟིགས་ཚངས་སྤྱོད་བརྟུལ་ཞུགས་རྟགས་ཀྱིས་བརྒྱན། །
དབང་མདོག་པཎ་ཞུའི་ཅོད་པན་རབ་བརྗིད་སྤངས་རྟོགས་ཡོན་ཏན་ལྷུན་གྱིས་རྫོགས། །
ཟག་མེད་ཏིང་འཛིན་དགའ་ཆེན་རོལ་མོས་ཡེ་ཤེས་གཟི་བྱིན་མཆོག་ཏུ་བསྐྱེད། །
རྒྱལ་ཀུན་གཅིག་བསྡུས་འགྲོ་བའི་མགོན་པོ་པདྨ་སཾ་བྷ་ཝ་ཞེས་གྲགས། །
༩༾ མཁྱེན་གཉིས་ཡེ་ཤེས་དཀྱིལ་མཁོར་ཆེན་པོ་ངོ་མཚར་གཟུགས་སྐུའི་དཔྱིད་དུ་སྨིན། །
ཞི་ཆགས་འཛུམ་མདངས་རབ་དཀར་ལྷུན་ཆགས་རྡུལ་བྲལ་དར་གྱིས་དབུ་ཐོད་བརྩེགས།།
ཕྱག་གཡས་ཐོད་རྔས་གཏི་མུག་གཉིད་སློང་གཡོན་པར་བདུད་རྩིས་རྨོངས་མུན་འཇོམས། །
ཕྱི་ནང་ཆོས་ཀུན་མཁྱེན་རབ་ཀློང་རྡོལ་མཁས་མཆོག་བློ་ལྡན་མཆོག་སྲེད་བསྔགས། །
༡༠༾ བྱམས་དང་སྙིང་རྗེ་ཐུགས་རྗེའི་འོད་ཟེར་དགྱེས་ཆགས་བཞད་པའི་རྡོ་རྗེའི་སྐུ། །
དམར་གསལ་མཛེས་འཛུམ་ཞི་མ་ཁྲོ་ཉམས་རིན་ཆེན་ཟེའུ་པྲོག་དར་ལའི་ཐོད། །
ཅང་ཏེའུ་རོལ་མོས་ཁམས་གསུམ་ཟིལ་གནོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན།
འཁོར་འདས་དབང་བསྒྱུར་པདྨ་རྒྱལ་པོ་ཐུགས་རྗེའི་བདག་ཉིད་བླ་ན་མཐོ། །
༡༡༾ དམར་སེར་ཉིན་བྱེད་འཆར་ཁའི་འོད་མདངས་མཚན་དཔེའི་ཞི་ཆགས་ཁྲོ་ཚུལ་རྒྱས། །
ཉི་ཟེར་རྟོད་པའི་སྡིག་འཛུབ་བསྒྲེངས་ཤིང་ཐོད་མཁར་སུམ་བརྩེགས་རྩེ་གསུམ་གསོར། །
གཅེར་བུ་ཐོར་ཚུགས་རུས་པའི་རྒྱན་དྲུག་སྟག་གི་ལྤགས་པས་སྨད་གཡོགས་ཤིང་། །
འགྲོ་འདུལ་གྲུབ་བརྒྱའི་གཙོ་མཆོག་རྒྱལ་པོ་གུ་རུ་ཉི་མ་འོད་ཟེར་འདུད། །
༡༢༾ གསེར་མདོག་དྲྭ་བའི་མཚན་དཔེའི་དཀྱིལ་འཁོར་ངུར་སྨྲིག་གར་གྱིས་བརྗིད་པའི་སྐུ། །
མི་རྟོག་རྡོ་རྗེའི་ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་ལྷུང་བཟེད་འཛིན། །
ཚོགས་ཆེན་ཡེ་རྫོགས་བདུད་བཞི་མཐར་བྱེད་སྐྱིལ་ཀྲུང་མི་གཡོ་ལྷུན་པོ་བརྟན། །
བསླབ་གསུམ་རྡོ་རྗེའི་ཁྲི་ལ་དབང་བསྒྱུར་གུ་རུ་ཤཱཀྱ་སེང་གེར་འདུད།།
༡༣༾ མཐིང་ནག་སྟོན་མཚན་ནམ་མཁའི་མདོག་འཛིན་ཞལ་གཅིག་སྤྱན་གསུམ་སྡང་མིག་འཁྱིལ། །
སེང་སྐད་དྲག་པོས་སྲིད་གསུམ་འདར་ཞིང་གར་དགུའི་ཉམས་ཀྱིས་གཟི་བྱིན་འབར།།
འཇིགས་རུང་ལྟ་བས་མི་བཟོད་རྔམ་བརྗིད་དམ་ཉམས་དགྲ་བོའི་སྲོག་སྙིང་འཕྲོག །
མཐུ་སྟོབས་བདག་ཉིད་གསང་བདག་དཔའ་བོ་གུ་རུ་སེང་གེ་སྒྲ་སྒྲོག་བསྟོད། །
༡༤༾ དགྲ་བགེགས་ཟིལ་གནོན་ཆེ་བའི་ཆེ་མཆོག་སྨུག་ནག་ཤིན་ཏུ་ཁྲོས་པའི་གར། །
སྐྲ་གསིགས་ཨཾ་གཙིག་སྡང་མིག་བསྒྲད་ཅིང་སྨ་ར་སྨིན་དམར་གློག་ཞགས་འཁྱུག །
རྒྱལ་བསེན་སྡེ་བརྒྱད་ལོག་འདྲེན་དམ་སྲི་མ་ལུས་ཐལ་བའི་རྡུལ་དུ་བརླག། །
དྲེགས་འདུལ་སྟོབས་ལྡན་མཐུ་རྩལ་ཐོགས་མེད་དབང་དྲག་རྡོ་རྗེ་གྲོ་ལོད་བསྟོད། །
༡༥༾ ཕྱི་རྒྱུད་དག་པ་སྤྲུལ་སྐུའི་སྟོན་པས་འགྲོ་ཁམས་རྒྱ་མཚོ་དོངས་ནས་སྤྲུགས། །
ནང་རྒྱུད་དག་པ་འོད་གསལ་ལོངས་སྐུས་ཞིང་ཁམས་རྒྱ་མཚོའི་ཁྱོན་ཀུན་ཁྱབ། །
གསང་རྒྱུད་དག་པ་ཆོས་སྐུའི་དགོངས་ཀློང་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་རྫོགས། །
གསང་གསུམ་གཅིག་བསྡུས་འཁོར་འདས་ཡོངས་གྲོལ་གུ་རུ་ཡིན་བཞིན་ནོར་བུར་འདུད།
༡༦༾ ཚོགས་ཆེན་ཡེ་རྫོགས་སྣང་སེམས་དབང་འབྱོར་སྣོད་བཅུད་དཔལ་ཡོན་སྤྲིན་ཕུང་འཁྲིགས། །
སྲིད་ཞིའི་དྭངས་བཅུད་འདོད་རྒུའི་ལོངས་སྤྱོད་འཛད་མེད་དངོས་གྲུབ་ཆར་ལྟར་འབེབས། །
དཔག་ཡས་དགེ་ལེགས་ཕན་བདེའི་འབྲས་བུ་ཕུན་ཚོགས་དཔལ་གྱི་གཏེར་སྒོ་འབྱེད། །
ཁམས་གསུམ་དབང་སྡུད་རིན་ཆེན་མཛོད་མངའ་ཨྱོན་ནོར་གྱི་བདག་པོར་འདུད། །
༡༧༾ སྤྲུལ་བ་རྒྱ་མཚོ་ཞིང་ཁམས་ཁྱབ་ཀྱང་ཐུགས་རྗེ་གངས་ཅན་བོད་ལ་ཉེ། །
བརྩེ་ཆེན་རྒྱ་མཚོ་ཀུན་ལ་སྙོམས་ཀྱང་དད་དམ་ཅན་ལ་བྱིན་རླབས་མྱུར།།
རྒྱལ་བ་རྒྱ་མཚོའི་སྤངས་རྟོགས་མཉམ་ཡང་རྒྱལ་ཀུན་ཕྲིན་ལས་རྫོགས་པའི་སྐུ། །
སྙིགས་སྤྱོད་རྒྱ་མཚོའི་རྦ་ཀློང་འཁྲུགས་ཀྱང་གསང་གསུམ་གཟི་འོད་ཆེས་ཆེར་འབར། །
༡༨༾ ས་སྐྱོང་ཁྲོས་པའི་ཞུགས་ཀྱི་ཞུན་ཐིག་ཐུགས་རྗེའི་ཆབ་ཀྱིས་མཚོ་ཆེན་བསྒྱུར། །
མུ་སྟེགས་ངན་སྔགས་དུག་སྦྱོར་མཚོན་ཆས་མཐུ་སྟོབས་ནུས་པ་ལྷག་པར་རྒྱས། །
གདོན་བགེགས་གདུག་པའི་ཆོ་འཕྲུལ་བཏུལ་ནས་བཀའ་སྲུང་གཉན་པོར་ཕྱག་རྒྱས་བཏབ། །
མཐའ་འཁོབ་མུན་པའི་གངས་ཅན་ཞིང་འདི་མདོ་སྔགས་ཆོས་ཀྱི་འབྱུང་གནས་མཛད། །
༡༩༾ མཁན་སློབ་ཆོས་གསུམ་ཐུགས་རྗེའི་འོད་ཞགས་གངས་ཅན་བསོད་ནམས་དཔལ་དུ་འཁྱིལ།
སྐ་ཅོག་ཞང་གསུམ་ཤེས་རབ་སྣང་བས་བོད་ཕྲུག་མུན་པའི་ཚང་ལས་བསླངས། །
གྲུབ་རྗེའི་ཐོག་མ་རྗེ་འབངས་གྲོགས་ཀྱིས་ཡ་མཚན་ཆོ་འཕྲུལ་འཇོ་སྒེག་འབུམ། །
ངོ་མཚར་ལྟད་མོས་ས་གསུམ་མཛེས་འདི་ཨྱོན་མཁན་པོའི་བཀའ་དྲིན་ལགས། །
༢༠༾ གངས་བྲག་ཉི་ཤུ་སྒྲུབ་གནས་ཉེར་གཅིག་གནས་ཆེན་ཉེར་ལྔ་གནས་ཕྲན་སྟོང་། །
རི་མཚོ་ལྗོངས་གླིང་བོད་ཆེན་ཞིང་ཀུན་ངོ་མཚར་འཕྲུལ་གྱིས་ཞབས་བཅགས་ཤིང་། །
གསང་གསུམ་རྡོ་རྗེའི་རོལ་པ་ཆེན་པོས་ཕྱག་ཞབས་སྐུ་ཡི་རྒྱ་དང་བཅས། །
གངས་ཅན་སྣོད་བཅུད་བཀྲ་ཤིས་བྱིན་ཆགས་ཡ་མཚན་གཟི་བྱིན་བླ་ན་བསྒྲེངས། །
༢༡༾ འོད་གསལ་ཆོ༷ས་སྐུ་ཡེ་ཤེས་འཁོ༷ར་ལོས་འཁོ༷ར་འདས་ཆོ༷ས་ཀུན་སྲོག་སྡོམ་ཞིང་། །
སྣ་ཚོགས་སྒྱུ༷་འཕྲུལ་འོད་སྐུའི་ཕུ༷ང་པོས་ཕུ༷ང་ཁམས་སྒྱུ༷་མའི་རོལ་རྩེད་ངོམ། །
འཇའ་ཟེར་ཐི༷ག་ལེ་ཉིན་བྱེད་གཟུ༷གས་ལས་གཟུ༷གས་སྐུ་ཐི༷ག་ལེ་དཀྱིལ་འཁོར་བཀྱེ། །
ཡེ་ཤེས་སྒྱུ༷་མའི་ཐུགས་རྗེའི་ག༷ར་གྱིས་ག༷ར་རྒུའི་སྒྱུ༷་འཕྲུལ་དྲྭ་བ་ཆེ།
༢༢༾ བླ་གཏེར་བརྒྱད་དང་ཐུགས་གཏེར་ལྔ་སོགས་ཟབ་པའི་གཏེར་ཆེན་ཉེར་ལྔས་མཚོན། །
གངས་ཅན་མཐའ་དབུས་གཏེར་གྱིས་གཏམས་ནས་བཀའ་སྡོད་སྲུང་མར་གཉེར་དུ་གཏད། །
ལས་ཅན་སྐྱེས་བུར་སྨོན་ལམ་དབང་བསྐུར་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། །
གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་གིས་སྙིགས་ལྔའི་རྒུད་ཚོགས་རིང་དུ་བྱས། །
༢༣༾ མདོར་ན་མགོན་ཁྱོད་གསང་གསུམ་ཐུགས་རྗེའི་དཔག་ཡས་ཕྲིན་ལས་ཉིན་བྱེད་དབང་།།
ས་འཛིན་དཀར་པོའི་མུ་ཁྱུད་སྤོ་ལ་འཁྱུད་པའི་འོད་སྣང་ཡ་མཚན་མདངས། །
གངས་ཅན་བརྟན་གཡོའི་བཅུད་དུ་སྨིན་པའི་བསོད་ནམས་དཔལ་གྱི་ངོ་མཚར་གཞི། །
འཛམ་གླིང་འཛིན་མའི་ཏོག་ལྟར་བསྔགས་པ་རྒྱལ་བ་ཉིད་ཀྱི་མཐུ་ལས་སོ།།
༢༤༾ དད་དམ་སེམས་ཀྱི་ཆུ་གཏེར་བསྲུབས་ལས་བསྟོད་དབྱངས་སྤྲིན་གྱི་བླ་བྲེ་འཁྲིགས། །
ཤེས་རབ་ཟེར་ཀྱི་སྙན་འཇེབས་གློག་ཞགས་ངོ་མཚར་གྲགས་པའི་འབྲུག་སྒྲ་བརྗིད། །
མ་སྨད་ལེགས་ཚོགས་རྡུལ་གྱི་ཁ་ལོས་བྱིན་རླབས་བདུད་རྩིའི་གྲུ་ཆར་འཇོ། །
མ་ལུས་འགྲོ་ཀུན་རྒྱལ་བ་ཉིད་ཀྱི་དགོངས་སྤྱོད་རྒྱ་མཚོར་རོལ་གྱུར་ཅིག།
༢༥༾ རྣམ་ཤེས་ཕྲ་མོའི་སྲོག་གི་རྟེན་མཁར་འཆི་གསོན་རྡུལ་གྱི་ཕུང་པོའི་ཁམས། །
རླབས་ཆེན་བསོད་ནམས་ཆབ་ཀྱིས་སྤུད་པའི་ཡ་མཚན་ཆུན་པོ་སྐྱེ་བའི་ཕྲེང་། །
ཆོས་ལྡན་ར་བའི་ཞིང་ནས་བལྟམས་པའི་ངོ་མཚར་སྒྱུ་མའི་སྐྱེད་མོས་ཚལ། །
མཐས་ཡས་འགྲོ་བའི་མིག་གི་དཔལ་གྱུར་ཕན་བདེའི་དྲི་བསུང་ཀུན་ཁྱབ་ཤོག།
ཅེས་པ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས། སྙིགས་དུས་འགྲོ་བ་འདྲེན་པའི་དཔལ་མགོན། གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ལྷ་སྐལ། དཔལ་ཨྱོན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་ཀ་རའི་གསང་བ་གསུམ་གྱི་ཡོན་ཏན་རྒྱ་མཚོར་རྗེས་སུ་དྲན་པའི་ཡེ་གེ་རྟོགས་བརྗོད་ཡིད་ཀྱི་མཚོ་ལས་སྐྱེས་པའི་ངོ་མཚར་སྒྱུ་མའི་སྐྱེད་མོས་ཚལ་ཞེས་པ་གསང་སྔགས་བླ་མེད་ནས་གསུངས་པའི་འབྲས་ཆོས་ཀྱི་རྗེས་སུ་བྱེད་པའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཉིད། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་སྒྱུ་འཕྲུལ་གྱིས་བཀོད་པ་ཆེན་པོས་བསིལ་ལྡན་ས་འཛིན་དཀར་པོའི་ཞིང་ཁམས་ཀུན་ཏུ་བྱིན་གྱིས་བརླབས་པ་སྟེ། སྟོད་མངའ་རིས་ན་གངས་བྲག་ཉི་ཤུ། བར་དབུས་གཙང་ན་སྒྲུབ་གནས་ཉེར་གཅིག །སྨན་མདོ་ཁམས་ན་གངས་ར་ཉེར་ལྔ་ཞེས་གྲགས་པ་ལས་མདོ་ཁམས་གངས་ར་ཉེར་ལྔའི་ནང་ཚན་རུ་དམ་གངས་ཀྱི་ར་བའི་ཉེ་ཞོལ་དུ་སྐྱེ་བ་བླངས་ཤིང་མདོ་སྔགས་རྒྱུད་སྡེ་རབ་འབྱམས་ལ་མང་དུ་ཐོས་པའི་སྐལ་བཟང་ཅན། པདྨ་རྒྱལ་པོའི་འབངས་པདྨ་འགྱུར་མེད་ལུང་རྟོགས་བསྟན་འཛིན་ནམ་སྤྲུལ་སྐུ་གྲགས་པར་འབོད་པ་དེས་སྔ་འགྱུར་རྙིང་མ་དྷ་ན་ཀོ་ཤའི་ཆོས་ཚོགས་སུ་བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་རྒྱལ་ཀུན་གསུང་གི་དབང་ཕྱུག་མ་ཧཱ་གུ་རུ་པདྨ་འབྱུང་གནས་སིནྡྷཱིའི་དྭངས་མཚོར་ཆུ་སྐྱེས་གཞོན་ནུའི་སྦུབས་ལས་འཁྲུངས་བའི་དུས་ཀྱི་རྒྱལ་པོ་དགེ་བའི་ཉིན་བྲིས་སྤེལ་བགྱིས་པར་དགེ་ཞིང་བཀྲ་ཤིས་པ་གྱུར་ཅིག། དགེའོ། ། དགེའོ། ། དགེའོ། ། ། །།
Post a comment