༈ གྲུབ་དབང་རོག་བཟའ་བསོད་ནམས་དཔལ་དགེའི་ལོ་རྒྱུས་མདོར་བསྡུས།

གྲུབ་དབང་རོག་བཟའ་བསོད་ནམས་དཔལ་དགེ་མཆོག་ནི། མདོ་ཁམས་གསེར་རྟ་རོག་བཟའི་སྡེ་བ་ལ་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་ཞབས་ལ་བཏུག་ནས་མདོ་སྔགས་ཀྱི་སྦྱངས་པ་རྒྱ་ཆེར་གནང་བ་དང་། ཁྱད་པར་རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་ཡུན་རིང་བླ་མར་བསྟེན་ནས་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་ཕྱི་ནང་སྔོན་འགྲོ་ནས། རྩ་རླུང་འཕྲུལ་འཁོར་དང་གཞི་ཀ་དག་ཁྲེགས་ཆོད་ལམ་ལྷུན་གྲུབ་ཐོད་རྒལ་བར་གདམས་ཟབ་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་ནོད། གྲུབ་ཆེན་རིན་པོ་ཆེ་སྐུ་ཚེ་ཡུན་རིང་དུ་མི་བཞུགས་པའི་མཁའ་འགྲོའི་བརྡ་ལུང་དང་དུས་ལ་བབས་པས་སྐུ་ལུས་ལན་གཅིག་འདོར་དགོས་ཚུལ་སོགས་གསུང་ནས་མདོ་མཁྱེན་བརྩེས་དབུས་ཞལ་སློབ་རྣམས་ལ་ཞལ་གདམས་ལུང་བསྟན་སྨོན་ལམ་གཏད་རྒྱ་དང་བཅས་པ་རྫོགས་པར་མཛད་ནས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གཙོས་སློབ་བུ་རྣམས་ཀྱིས་ཞབས་སྤྱི་བོར་བླང་ནས་སྨོན་ལམ་དྲག་ཏུ་བཏབ། བླ་སློབ་སོ་སོར་འབྲལ་བར་སྙིང་འགས་པ་ལྟ་བུའི་སྡུག་བསྔལ་ཆེན་པོས་མནར་བཞིན་དུས་ལ་བབས་ཚེ་བྱ་ཐབས་བྲལ་བས་སོ་སོར་གྱེས་སྐབས། མཁྱེན་བརྩེའི་རང་རྣམ་དུ། ང་རང་དངོས་ཀྱི་གྲོགས་དན་མཆེད་གྲོགས་དཔལ་དགེ་དང་ལྷག་བསམ་རབ་དཀར་གཉིས། གཞན་ཡང་གྲོགས་དན་གྱི་ཚུལ་དུ། བླ་མ་རིག་འཛིན་དང་ཡོངས་གྲགས་གཉིས་གཙོས་གནས་སྐོར་བ་ཁ་ཤས་བཅས་ལམ་དུ་ཞུགས་ནས། མཆེད་ལྕམ་ཀུན་གྱིས་ལུང་པའི་མདོ་བར་དུ་སྐྱེལ་མ་མཛད་ཅིང་ཕྱིར་ལོག འགར་ལུང་ལ་ཁ་ཞེས་གདན་ས་མཐོང་བའི་སར་སླེབས་ཚེ་གཞན་ཀུན་སྔོན་དུ་སོང་། དཔལ་དགེ་དང་ང་རང་གཉིས་ནས་ཕྱག་བརྒྱ་ཕྲག་འཚལ་ཞིང་། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་མཆོག་དང་འབྲལ་བ་མེད་པར་རྗེས་སུ་འཛིན་ཞིང་། ཐུགས་སྐད་ཅིག་ཙམ་མི་དཀྲུག་པ་དང་། རང་དོན་ཡིད་བྱེད་ཀྱི་འཁྲི་བ་བཙན་ཐབས་སུ་ཆོད་ཅིང་སེམས་ཅན་གྱི་དོན་དུ་ལུས་སྲོག་གཏང་ནུས་པའི་སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ལམ་དུ་ཞུགས། ཞེས་གསུངས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་ལྷན་གཅིག་ཏུ་མདོ་ཁམས་ཀྱི་གནས་ཆེན་ཐམས་ཅད་ལ་ཞབས་ཀྱིས་བཅགས་ནས་དམ་སྲི་འགོང་པོ་མི་གཟུགས་སུ་ཉུལ་བ་དང་མི་མ་ཡིན་ཐམས་ཅད་དམ་འོག་ཏུ་བཅུགས་ནས་བོད་ཡུལ་དུས་ཀྱི་རྒུད་པ་སེལ། རྫུ་འཕྲུལ་སྣ་ཚོགས་པས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་སྤེལ་བར་མཛད། སྐབས་དང་སྐབས་སུ་ཌཱ་ཀི་ཤ་ཟ་ཁ་མོ་ཆེ་དང་སེང་ཧ་མུ་ཁ་སོགས་ཐོག་ཕེབ་ཏུ་བྱུང་ནས་བརྡ་ལུང་སྣ་ཚོགས་ཀྱིས་བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེའི་སྐུ་གེགས་སེལ་བ་དང་ཡུལ་ཁམས་བདེ་བའི་སྨོན་ལམ་དང་ལུང་བསྟན་བསྩལ་བ་སྟེ། དེ་ཡང་མདོ་མཁྱེན་བརྩེའི་རང་རྣམ་དུ། དེ་ནས་གནས་ཆེན་ཐུགས་རྗེ་ཆེན་པོར་སླེབས། མཆེད་གྲོགས་དཔལ་དགེ་ཡང་སླེབས་འདུག །རྟེན་ལས་གསོ་སྦྱོང་བླང་ཞིང་བསྙུང་བར་གནས་པའི་ཆོ་ག་གནད་སྨིན་ཞིག་བསྒྲུབས་པ་ལ། ཟས་རྐྱེན་ཕྲན་བུ་ལས། རྐྱེན་བསླངས་ཏེ་ཞག་ཤས་བར་ན་ཚ་ཤིན་ཏུ་ལྕི་བ་བྱུང་བ་ནི་ཉམས་གྲིབ་དག་པའི་རྟགས་སུ་འདུག །དེར་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སྒྲུབ་པ་ཞག་བཅུ་གསུམ་གྱི་བར་དུ་བྱས། སྐུ་རྟེན་བཞད་པ་དང་བདུད་རྩི་ཁོལ་བ་ཙམ་ལས། སྔར་དང་འདྲ་བའི་རྟགས་མཚན་ཆེར་མ་བྱུང་ཞིང་། ཨྱོན་ཆེན་པོ་ལ་གསོལ་བ་དྲག་ཏུ་བཏབ་པས། ཉིན་གཅིག་དཔལ་དགེ་ལ་ཌཱ་ཀི་ཤ་ཟ་ཁ་མོ་ཆེ་ཐོག་ཕེབ་ཏུ་བྱུང་། དང་པོ་ནི་མཁའ་འགྲོའི་བརྡ་སྐད་ལས་མི་སྨྲ་འདུག་ཀྱང་། བྱིན་འབེབས་གཉེར་གཏད་དྲག་པོ་བྱས་པས་རིམ་བཞིན་མི་སྐད་དུ་བརྡ་ཁྲོལ་ཞིང་། སྔར་བྱས་ལ་སྐྱོ་སུན་དབྱུང་བ་དང་། སླར་གཏད་མེད་ཀྱི་ངང་དུ་བྱ་སྤྱོད་ཤིན་ཏུ་མ་བཟབ་ན། རེ་ཞིག་འདུན་མ་རླུང་ཁྱེར་ངང་དུ་མི་ཚེ་འཛད་པར་ངེས། དེ་ཚེ་དབྱིངས་ཀྱི་མཁའ་འགྲོ་འཁྲེན་པའི་རྒྱུར་གྱུར་ན་ཚེ་ཆོས་ལ་བར་ཆད་དྲག་པོའི་དབང་དུ་འགྱུར་ཏ་རེ། ཏཱ་རེ་ལྷ་མོའི་སྤྲུལ་བ་ལྕམ་ཆེན་མོ་གཙོས་དམ་ལྡན་ཀུན་བསྡུས་ནས་། ལོ་ཤས་བར་རྟེན་འབྲེལ་བཟང་པོའི་སྣ་ཁ་ཁོ་ན་བསྒྲིག་དགོས་ཞེས་ལུང་བསྟན་པ་དང་། ཡང་སྐབས་ཞིག་བླ་མ་དཔལ་དགེའི་སྣ་དྲངས། སྲིང་མོ་མཆོག་གི་གཙོ་གྱུར་དམ་ལྡན་བདུན་ཙམ་ལ་ཡེ་ཤེས་མཁའ་འགྲོ་དངོས་སུ་ཕེབས་ཤིང་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་སྐབས་དཔལ་དགེ་ལ་སེང་ཧ་མུ་ཁ་བབས་ནས་ས་མཚམས་འཛིན་ཞེས་སོགས་གསུངས་བས་མཚོན། གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་མདོ་མཁྱེན་བརྩེ་དང་རྗེ་འདི་གཉིས་ཐུགས་སྣང་ཤིན་ཏུ་གཤིན་ཞིང་དམ་ཚིག་གཙང་བ་དང་། གནས་ཆེན་རི་ཁྲོད་དང་གངས་ཁྲོད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལས་གསུང་བའི་ལམ་རྟགས་ཀྱི་ཡོན་ཏན་རྒྱ་མཚོ་མངོན་དུ་གྱུར། གྲུབ་པའི་ས་མཐོ་གཤེགས་པས་ཀུན་ཏུ་ཐ་སྙད་པའི་ཚད་མའི་ཡུལ་ལས་འདས་པའི་དག་པ་རབ་འབྱམས་ཀྱི་ཕྲིན་ལས་མུ་མཐའ་མེད་པས་བསྟན་འགྲོའི་རྒུད་པ་གསོ་བའི་ངོ་མཚར་གྱི་མཛད་པ་མང་པོ་མཆིས་པར་གོར་མ་ཆགས་ཀྱང་། རྣམ་པར་ཀུན་ཏུ་སྦས་པའི་རྣལ་འབྱོར་ཁོ་ན་ལ་ཐུགས་དམ་རྩེ་གཅིག་ཏུ་བཞོལ་བར་མཛད་པས་རྣམ་ཐར་ཀྱི་ཡིག་ཚོགས་ཤིན་ཏུ་ཉུང་བས་འོལ་ཚོད་དུ་སྨྲ་བའི་སྤོབས་པ་མ་མཆིས། རྗེ་འདི་ཉིད་རྩ་རླུང་གི་ཐོག་ནས་གྲུབ་པ་བརྙེས་ཏེ་བར་སྣང་ལ་སྐྱིལ་ཀྲུང་གིས་བཞུགས་པ་དང་། རྐང་འགྱོགས་གི་མཐུ་ཡིས་རི་དྭགས་རྐྱང་རྒོད་བཟུང་ནས་ཆིབས་རྟར་མཛད་པ་སོགས་གྲུབ་པའི་མཛད་སྤྱོད་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་མང་པས་གྲུབ་དབང་རོག་བཟའ་བསོད་ནམས་དཔལ་དགེ་ཞེས་གྲགས། མདོ་མཁྱེན་བརྩེས་ལུང་བསྟན་བཞིན་རྫ་རྒྱུད་ཕྱོགས་སུ་ཕེབས་ནས་དཀར་ཆུང་སྐོར་འོ་དང་ད་ལྟའི་དགེ་གོང་དགོན་རིག་འཛིན་འཆི་མེད་གྲུབ་པ་བཤད་སྒྲུབ་དགའ་བའི་ཚལ་ཆེན་པོ་ཆགས་པའི་གནས་སོགས་སུ་སྦས་པའི་ཚུལ་དུ་བཞུགས་ནས་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར། རྫ་དཔལ་སྤྲུ་འཇིགས་མེད་ཆོས་ཀྱི་དབང་པོ་དང་དགེ་མང་མཁན་ཆེན་དབོན་པོ་ཨྱོན་བསྟན་འཛིན་ནོར་བུ་སོགས་ཀྱིས་ཀློང་སྙིང་རྩ་རླུང་དམར་ཁྲིད་ཀྱི་གདམས་པས་མཚོན་ཟབ་ཆོས་དུ་མ་ཞུས། དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དུ་སྦས་པའི་རྣལ་འབྱོར་པ་བསོད་ནམས་དཔལ་དགེའི་མདུན་ནས་རྫོགས་པ་ཆེན་པོ་ཀློང་སྙིང་རྩ་རླུང་གི་ཁྲིད་ཤིན་ཏུ་ཡུན་རིང་དུ་སྦྱངས་ཞེས་དང་། ཡང་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། རྡོ་བླ་སྤྲུལ་སྐུ་སྟོན་འཁོར་འདུས་པ་བཅས་ལ་རོག་བླ་མ་དཔལ་དགེའི་མདུན་དུ་རྩ་རླུང་ཞུ་བསྐུལ་གྱི་ཕྲིན་ཡིག་འདི་ལྟར་བསྩལ་བ་སྟེ། བླ་སྤྲུལ་དབོན་བཅས་ཞབས་དྲུང་དུ། །སྡེ་མཐའི་རྒན་མོས་རུ་ཆུས་བཞིན། །བས་མཐའི་རྒན་པོས་གུས་ཞུ་བ། །ཀློང་ཆེན་སྙིང་ཐིག་རྩ་རླུང་འདི། །དར་དུས་ཧ་ཅང་དར་ཆེ་སྟེ། །རས་པ་ཁྲ་རས་ས་སྟེང་ཁྱབ། ད་ནི་ཧ་ཅང་དཀོན་ཆེ་སྟེ། །བླ་རྒན་དཔལ་དགེ་མ་གཏོགས་པ། །བརྒྱུད་འཛིན་གཅིག་ཀྱང་བོད་ན་མེད། །ད་ནི་བརྒྱུད་པ་ཆད་ལ་ཐུག །ཨི་ཐུག་མི་ཐུག་ཐུགས་བསམ་བཞེས། ཞེས་སོགས་གསུངས་བ་ལ་གཞིགས་ན་ཕྱོགས་ཀྱི་སློབ་ཚོགས་བུང་བ་མེ་ཏོག་གི་ཚལ་དུ་འདུ་བ་བཞིན་སྐུ་ཚེའི་སྨད་དུ་རྫ་རྒྱུད་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་གཙུག་ཏུ་བཀུར། དགེ་གོང་དགོན་རིག་འཛིན་འཆི་མེད་གྲུབ་པ་བཤད་སྒྲུབ་དགའ་བའི་ཚལ་ཞེས་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང་གྲུབ་པའི་དབང་པོ་འདི་རྣམ་གཉིས་ཀྱི་སྐུ་རིང་ལ་གདན་ས་དངོས་སུ་དབུ་བརྙེས་ཡིན་པ་སེམས། རྗེ་འདི་ལས་བརྒྱུད་པའི་ཀློང་སྙིང་རྩ་རླུང་གི་གདམས་པ། མཁན་ཆེན་ངག་དབང་དཔལ་བཟང་ངམ་ངག་དགའ་རིན་པོ་ཆེས་མཛད་པའི་ཀློང་ཆེན་སྙིང་གི་ཐིག་ལེ་བདེ་སྟོང་རླུང་གི་རྫོགས་རིམ་གྱི་གེགས་སེལ་འཕྲུལ་འཁོར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་དྲི་མེད་ཤེལ་གྱི་མེ་ལོང་གི་ནང་དུ། རིག་འཛིན་འཇིགས་མེད་གླིང་པ། དེས་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། དེས་རོག་གཟའ་བསོད་ནམས་དཔལ་དགེ། དེས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དེས་རྗེ་དབོན་རིན་པོ་ཆེ། དེས་མཁན་ཆེན་ཀུན་བཟང་ཆོས་གྲགས་ཞེས་དང་། དེ་ལས་མཁན་ཆེན་ངག་དགའ་རིན་པོ་ཆེ་དང་། དེས་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་དེ་ལས་བདག་གི་སྐྱེད་བྱེད་དམ་པ་སོགས་སློབ་ཚོགས་རྒྱ་མཚོ་ལྟ་བུས་ཟབ་ཆོས་འདིའི་བརྒྱུད་པ་འཛིན་ཅིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པ་མཛད་པ་རྩ་བའི་བརྒྱུད་ཚུལ་གཅིག་དང་། དེ་མིན་རྗེ་འདི་ལས་བརྒྱུད་ཚུལ་གཞན་ཡང་ཡོད་པ་མངོན་ནོ། ངག་རྒྱུན་ལ་སྐུ་མདོག་སྨུག་ལ་སྤྱན་རྩ་དམར་བ། ཕྱུ་བ་སྔོན་པོ་བནབས་ཤིང་ཆིབས་རྟ་སྔོན་པོར་ཆིབས་པ། སྐེད་ལ་གྲི་རིང་ཐོག་པ་སོགས་ཁྱིམ་པ་ཕལ་བ་ནང་བཞིན་ལས་བླ་ཆེན་གྱི་ཉམས་དང་ཆེ་ཚུགས་མི་འཛིན་མོད། འོན་ཏེ་རྫ་བརྒྱུད་ཀྱི་ཕྱོགས་སུ་རྒྱལ་སྲས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་མིའི་ཟོལ་དུ་དུས་གཅིག་ཏུ་ཕེབས་པ་གྲགས་པ་སྟེ། སྤྱན་རས་གཟིགས་དངོས་འཇིགས་མེད་རྒྱལ་བའི་མྱུ་གུ། འཇམ་དཔལ་དབྱངས་དངོས་དཔལ་སྤྲུལ་ཨྱོན་འཇིགས་མེད་ཆོས་ཀྱི་དབང་པོ། གསང་བདག་ཕྱག་ན་རྡོ་རྗེའི་རྣམ་རོལ་གྲུབ་དབང་རོག་བཟའ་བསོད་ནམས་དཔལ་དགེ་ཞེས་དགེ་རྩེ་གོང་འགབ་ཀྱིས་གཙོས་རྫ་རྒྱུད་ཀྱི་ཡུལ་མི་རྣམས་ལ་ཡོངས་སུ་གྲགས། མཐར་དགུང་གྲངས་བརྒྱད་བཅུའི་ཐོག་རྫ་རྒྱུད་མ་མོའི་སྣ་ཁ་ནག་ལ་རྡོ་རིང་ལུང་པ་རུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། གྲུབ་པའི་དབང་པོ་འདིའི་རྣམ་ཐར་ཁུངས་ཕེར་གྱི་ཡིག་ཆ་མེད་ཕྱིར་ཞིབ་ཕྲའི་རྣམ་པར་ཐར་བ་ཇི་བཞིན་ཞུ་མི་ཐུབ་ཀྱང་གོང་དུ་འཁོད་པ་རྣམས་ནི་མདོ་མཁྱེན་བརྩེའི་རང་རྣམ། དཔལ་སྤྲུལ་རིན་པོཆེའི་རྣམ་ཐར། མཁན་ཆེན་ངག་དགའ་རིན་པོ་ཆེའི་གསུངས་རྣམས་གཞིར་བྱས་ནས་ཡོངས་གྲགས་ཀྱི་ངག་རྒྱུན་འགའ་ཞིག་གིས་ཟུར་བརྒྱན་ཏེ་སྤྲུལ་སྐུ་གྲགས་པར་འབོད་པ་དེས་བྲིས་པའོ།།

དེ་ཡི་ཡང་སྲིད་སྐུ་ཕྲེང་གཉིས་པ་ཨྱོན་ཆོས་དར་རམ་ཐུབ་བསྟན་དཔལ་འབྱོར་རྒྱ་མཚོ་དགེ་ལེགས་ཆོས་ཀྱི་ཉི་མ་དཔལ་བཟང་མཆོག་ཡབ་ཆོས་ལུངཟླ་བ་དང་ཡུམ་བདེ་ཆེན་མཚོ་མོ་གཉིས་ཀྱི་སྲས་སུ་ལབ་ཞོག་ཏུ་སྐུ་འཁྲུངས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཛད་ནས་དགེ་གོང་གདན་སར་ཁྲིར་བཀོད། དགེ་གོང་མཁན་ཆེན་ཀུན་དཔལ་རིན་པོ་ཆེ་ཐུན་མིན་གྱི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན། དགོན་གྱི་སྒྲུབ་ཆེན་ཁག་གི་རྡོ་རྗེ་རྒྱལ་པོ་མཛད། མཁན་ཆེན་ཀུན་དཔལ་རིན་པོ་ཆེས་མཛད་པའི་རིག་འཛིན་འདུས་པའི་སྒྲུབ་ཆེན་ཟིན་བྲིས་མཇུག་བྱང་དུ། དེང་དུས་མཁན་སྤྲུལ་བླ་གྲྭ་ཐམས་ཅད་བླ་མ་རིག་འཛིན་འདུས་པའི་དབང་ལུང་ལེགས་པར་ཐོབ་ཅིང་། རྒྱུན་ཁྱེར་མཛད་མཁན་ཡང་མང་ཕྱིར། སྤྱི་སྲུང་བླ་མ་རིག་འཛིན་འདུས་པའི་ཚེས་བཅུའི་དུས་མཆོད་བདུན་སྒྲུབ་ཉིད། སླར་མྱོང་གྲོལ་བུམ་པའི་སྒྲུབ་ཆེན་དུ་བྱས་པ་འདི་ཉིད་མཁན་སྤྲུལ་ལས་ཐོག་དགེ་བསྐོས་གཉིས་དང་། ལས་ཐོག་དཔོན་གཟུ་གཉིས་ཀྱིས་སྡེ་ཡུལ་འདིར་གཏོགས་པའི་དུད་ཆེ་ཆུང་། སེར་ཡོད་སེར་མེད་ལྟར་གྱི་བསྡུ་སྒོ་ཇ་ཤ་མར་ཆུར་ནས་དང་གྲོ་ཞོ་འོ། ཐབ་དང་བུད་ཤིང་ལ་སོགས་པའི་དགོས་རིགས་ཚགས་སུ་ཚུད་པར་བྱ་བའི་བདག་རྐྱེན་ལ་བརྟེན་ནས། གྲུབ་དབང་རོག་གཟའ་བསོད་ནམས་དཔལ་དགེ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ཉིད་རྡོ་རྗེ་རྒྱལ་པོའི་གཙོ་བོར་མངའ་གསོལ། རྡོ་རྗེ་རྒྱལ་ཚབ་གཙོ་བོ་མཁན་དཔལ་ལྡན་ནས་མཛད། རང་ཡང་རྡོ་རྗེ་རྒྱལ་པོར་གནས་ཁུལ་གྱིས། ཞེས་དང་། ཡང་སྒྲུབ་ཆེན་གྱི་ཁོག་དབུབ་སྣ་ཚོགས་དོན་གཉེར་གྱིས་སྩོལ་བསྒྲུབས་བྱས་པའི་ངལ་བ་དོན་ལྡན་དུ་བགྱིད་ཕྱིར་དཀྱུས་སུ་བཀོད་འདོད་སྙིང་ལ་བཅགས་ཤིང་། གཞན་དག་གིས་ཀྱང་ཕྱག་ལེན་འཆོལ་ཞིང་ཚུལ་དང་མི་མཐུན་པར་འགྱུར་བས་དཀྱུས་སུ་བཀོད་པའི་སྒྲུབ་ཁོག་དགོས་ཞེས་གླེང་ན་ཡང་། དོན་གཉེར་གྱི་ཐོག་འཁེལ་མ་བྱུང་བར་རེ་ཞིག་སྙོམ་སྐྱུར་དུ་སོང་ཡང་ཉེ་ཆར་དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་རོག་བཟའ་བསོད་ནམས་དཔལ་དགེའི་ཡང་སྲིད་སྤྲུལ་བའི་སྐུ་མཆོག་རིག་པ་འཛིན་པ་ཐུབ་བསྟན་དཔལ་འབྱོར་རྒྱ་མཚོ་དགེ་ལེགས་ཆོས་ཀྱི་ཉི་མ་དཔལ་བཟང་པོ། གྲུབ་དབང་རྫོགས་ཆེན་མཆོག་སྤྲུལ་ལྔ་པས་བསྟན་དགོན་འདིའི་བདག་པོར་མངའ་གསོལ་བ་གང་གིས་ཚེ་ཐར་བརྒྱ་ཕྲག་དང། ཡེ་གེ་པ་ཡང་མཛད་པས། བཀས་བསྐུལ་དོན་ལྡན་སྤྱི་བོར་བསྩལ་བ་དོན་ཡོད་པར་སེམས་པས་དད་གུས་ཀྱིས། སྙིང་ཐིག་རང་གཞུང་གི་སྒྲུབ་ཁོག་དང་དབང་གི་སྤྱི་དོན་རྒྱུད་ཕུར་དང་བཅས་པ། ཀུན་མཁྱེན་རང་གི་ཆོས་བདག་རྡོ་རྗེའི་ལུང་གིས་བསྔགས་པའི་ཀུ་ལུང་བླ་མའི་གདན་སའི་རིག་འཛིན་འདུས་པའི་བུམ་སྒྲུབ་ཀྱི་ཕྱག་བཞེས་ཟིན་ཐོར་རྣམས་གཞིར་བཞག་སྟེ་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་མ་དགོན་བསམ་གཏན་ཆོས་གླིང་གི་བུམ་སྒྲུབ་དང་། རྒྱུད་ཕུར་སྒྲུབ་ཆེན་དག་གིས་བརྒྱན་ཅིང་སྒྲུབ་ཁོག་རང་གི་བབས་དང་བསྟུན་ཏེ་མངའ་གསོལ་དང་ཕུར་ཐུན་བསྐུལ་བ་སོགས་ཅུང་ཟད་བཀའ་བརྒྱད་བདེ་འདུས་སྒྲུབ་ཁོག་ཨྱོན་སྨིན་གྲོལ་གླིང་གི་ཕྱག་བཞེས་ལྟར་སྦྱར་ཅེས་སོགས་གསུངས་བ་ལྟར་ན་མཁན་ཆེན་མཆོག་གིས་ཐུགས་ཁུར་ཆེར་བཞེས་དང་ཐུགས་བརྩེས་རྗེས་སུ་བཟུང་བའི་ཐུན་མིན་གྱི་ཞབས་སློབ་ཡིན་པ་རྟོགས་ནུས། རྟེན་སྔགས་འཆང་མཛད་ནས་རོག་གཟའི་ཚེ་ལྷ་ཞེས་པ་ལས་རྒྱ་བརྟེན། སྲས་རོག་བཟའ་ཚེ་རིང་དང་། རོག་བཟའ་བསྟན་རྡོ། མདོ་མཁྱེན་བརྩེའི་སྐུ་སྐྱེ་ཡིན་པར་གྲགས་པ་རོག་བཟའ་དགེ་རྣམ་བླ་མ། སྲས་ཐ་ཆུང་སྐུ་ཆུང་དུས་ནས་འདས་གྲོང་དུ་ཕྱིན་པ་སྟེ་སྲས་བཞི་འཁྲུངས། དགེ་གོང་དགོན་པའི་བཤད་སྒྲུབ་ལས་གསུམ་བསྟན་པའི་ཁུར་བཞེས་ནས་བསྟན་འགྲོ་སྨན་པའི་ཕྲིན་ལས་རྒྱ་ཆེ། གསང་བ་གསུམ་གྱི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་དུ་བཞུགས། མཐར་རྫ་མ་མོའི་རི་རྒན་མདོ་ལ་དགུང་ལོ་དྲུག་རེ་ལྔ་ཐོག་དགོངས་པ་ཆོས་དབྱིངས་སུ་བསྡུས་སྐབས་ཐུགས་དམ་བཞུགས་པ་སོགས་ངོ་མཚར་བའི་འདས་རྟགས་མཐའ་ཡས་པས་ཀྱང་རྗེས་འཇུག་སློབ་མ་རྣམས་ཆེས་ལྷག་ཏུ་དད་མོས་ཀྱི་ས་ལ་བཀོད་པ་བཅས་སོ།། །།